དྲ་གྲོགས་རྣམ་པ་བདེ་མོ། དོ་དགོང་རྒན་འབྲོག་ཕྲུག་དང་ངེད་གཉི་གས་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་སྐོར་ལ་སྐད་ཆ་ཅུང་ཙམ་བཤད་རྒྱུ་ཡིན། ཐོག་མར་ངས་ཀྲུང་གོ་རྒྱལ་ཁབ་ཀྱི་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་སྐོར་གྱི་ཁྲིམས་ལུགས་ངོ་སྤྲོད་བྱས་ཏེ། མི་རིགས་དབྱེ་འབྱེད་དང་ཁྱད་གསོད་བྱ་རྒྱུ་རྒྱ་ཤུགས་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདིར། ང་ཚོས་སོ་སོའི་མི་རིགས་ཀྱི་ཆེ་མཐོང་དང་ངོ་བོ་ཅི་ལྟར་སྲུང་སྐྱོབ་་བྱེད་དགོས་པ་བཅས་ལ་གཏམ་གླེང་ཅུང་ཟད་བྱེད་རྒྱུ་ཡིན། དེ་ནས་རྒན་འབྲོག་ཕྲུག་གིས་ནུབ་ཕྱོགས་སུ་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་བྱུང་བའི་གནད་དོན་དང་། གནད་དོན་དེ་ལ་མི་མང་གིས་འཐབ་རྩོད་བྱས་ཏེ་མེད་པར་བཏང་དང་གཏོང་བཞིན་པ། ལྷག་པར་དུ་མི་ནག་གི་གི་དེད་དཔོན་ཆེན་མོ་མ་ཐིན་ལོ་ཐུར་ཁིན་གྱིས་སྤྱི་དམངས་ཐོབ་ཐང་བརྩོན་ལེན་གྱི་བྱུང་བ་བཅས་ང་ཚོར་ངོ་སྤྲོད་བྱེད་རྒྱུ་ཡིན།
སྤྱིར་བཏང་ཀྲུང་གོ་སྲིད་གཞུང་གིས་རྒྱུན་དུ་ཀྲུང་གོ་ན་མི་རིགས་དབྱེ་དང་ཁྱད་གསོད་ཀྱི་གནད་དོན་ཆེར་མེད་ཅེས་ཡང་ཡང་བཤད་པར་རྐྱེན་བྱས་ཏེ། ང་ཚོའི་མི་མང་པོས་ཀྱང་ཀྲུང་གོ་རྒྱལ་ཁབ་ན་ཨ་རི་རྒྱལ་ཁབ་ལྟ་བུའི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཛ་དྲག་མེད་པར་འདོད་ཡོད། འོན་ཀྱང་དེ་ནི་ལོག་རྟོག་དང་ནོར་འཁྲུལ་ཅན་གྱི་བསམ་བློ་གཏོང་སྟངས་ཤིག་རེད། ཀྲུང་གོ་རྒྱལ་ཁབ་ནི་མི་རིགས་དབྱེད་འབྱེད་དང་ཁྱད་གསོད་ཀྱི་ཁོར་ཡུག་ནང་ལོ་ངོ་སྟོང་ཕྲག་དུ་མར་བརྒྱུད་ཡོང་བ་ཞིག་ཡིན་པས། དེ་ལ་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱི་གནད་དོན་མེད་ས་མི་འགྲོ རིའི་ཚུར་རོལ་ནས་བལྟས་ན་ཕ་རོལ་མཐོང་བ་མ་གཏོགས་ཚུར་རོལ་མི་མཐོང་བ་ལྟར། སྐབས་འགར་ང་ཚོས་ང་ཚོ་རང་ལ་གདོད་མ་ནས་ཡོད་པའི་སྐྱོན་ཆ་དང་དྲི་མ་ལྡན་པའི་ཁོར་ཡུག་དེ་མཐོང་དཀའ། མ་ཟད་ང་ཚོར་དེང་རབས་རང་བཞིན་གྱི་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱི་ཤེས་བྱ་དང་ས་མཚམས་སོགས་ལ་སློབ་སྦྱོང་གི་གོ་སྐབས་མེད་པར་བཏང་བས་ཤིན་ཏུ་རྨོངས་བར་འགྱུར་ཞིང་། དེ་ལ་རྐྱེན་བྱས་ནས་རང་རང་གི་ཁྱད་གསོད་ཀྱི་སྦྱོར་བ་དེ་ཁྱད་གསོད་ཡིན་པ་ངོ་མ་ཤེས་བས་དབང་གིས་གནས་སྟངས་དེ་འདྲ་ལྷག་པ་མ་གཏོགས་རང་གིས་དབྱེ་འབྱེད་ཁྱད་གསོད་བྱེད་ཀྱི་མེད་པ་དེ་འདྲ་ཞིག་ག་ལ་ཡིན།
མི་རིགས་དབྱེད་འབྱེད་དང་ཁྱད་གསོད་ཀྱི་རྣམ་པ་སྡུག་ཤོས་ནི་སྲིད་གཞུང་གིས་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ལ་མངོན་ལྐོག་གཉིས་ནས་རམ་འདེགས་དང་སྐུལ་སློང་། དེ་ལ་མཐུན་རྐྱེན་སྦྱོར་བ་དེ་ཡིན་པ་དང་། སྦྱོར་བ་དེ་རིགས་ཀྱིས་ཨ་རིའི་ནང་འཁྲུག་དང་འཛམ་གླིང་དམག་ཆེན་གཉིས་པ་ལ་སོགས་པའི་སྐྱི་གཡའ་བའི་ལོ་རྒྱུས་ཀྱི་སྐྱོ་གར་བསྐྲུན། འཛམ་གླིང་སྟེང་བྱུང་བའི་ཆེས་གདུག་རྩུབ་ཆེ་བའི་མི་རིགས་དབྱེ་འབྱེད་སྲིད་ཇུས་ནི་སོག་པོས་རྒྱ་ནག་ཏུ་ལག་བསྟར་བྱས་ཡོད། སོག་པོས་རྒྱ་ནག་ལ་དབང་བསྒྱུར་སྐབས་རྒྱ་རིགས་བྱེ་བ་བདུན་ལྷག་ཐ་ཤལ་གྱི་འགྲོ་བ་མིར་རྩིས་ནས་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་འོག་བཀྲོངས་ཡོད་པ་ལོ་རྒྱུས་སྨྲ་བ་ལ་ལས་བཤད། རྒྱལ་རབས་ཀྱི་ནང་དུ་འགྲོ་མགོན་འཕགས་པས་སོག་པོས་རྒྱ་རིགས་མང་པོ་ཕྱིའི་རྒྱ་མཚོ་རུ་ཁྱུད་འདེད་ཀྱིས་ངན་གསོད་བྱེད་བཞིན་པའི་སྦྱོར་བ་ངན་པ་དེ་སེ་ཆེན་རྒྱལ་པོར་ཆོས་བཤད་དེ་མཚམས་གཅོད་དུ་བཅུག་ཟེར། རྒྱ་མི་གཅིག་བསད་ན་དེའི་སྟོང་ལ་བོང་བུ་གཅིག་གི་རིན་སྤྲད་ན་ཆོག་པའི་ཁྲིམས་སྲོལ་ཡང་དེའི་སྐབས་སུ་དར། དེ་ནས་མན་ཇིས་རྒྱ་ནག་དབང་བསྒྱུར་བའི་དུས་སུ་མི་རིགས་དབྱེ་འབྱེད་ཀྱིས་རྒྱ་རིགས་བྱེ་བ་གཉིས་ལྷག་བསད་སྐད། འདི་དག་ནི་རྒྱལ་ཁབ་དང་སྲིད་གཞུང་གིས་བསླངས་བའི་སྒྲོམ་གཞི་ལྡན་པའི་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ལས་བྱུང་བའི་མཇུག་འབྲས་ངན་པ་རེད། དེའི་ཕྱིར་རྒྱ་རིགས་ནི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལས་གནོད་པ་ཆེས་ཚབས་ཆེན་ཐེབས་པའི་གནོད་ཐེབས་མི་རིགས་ཤིག་ཡིན་ཕྱིན། སྦྱོར་བ་དེ་རིགས་ཕྱིས་སུ་རང་གཞན་གཉི་གར་མི་སྤེལ་ཞིང་དེ་རིགས་ཀྱི་གནད་དོན་བྱུང་ན་མགོ་ལ་མེ་ཤོར་བ་ལྟར་མགྱོགས་ནས་མྱུར་དུ་གཙང་སེལ་བྱ་དགོས་པ་ཞིག་ཡིན་ཡང་། སྲིད་གཞུང་གི་ལོག་བཤད་དང་མི་མང་སྒྱིད་ལུག་གི་དབང་གིས་གནད་དོན་འདིའི་གལ་ཆེན་རང་བཞིན་ལ་ད་དུང་གཞུང་དམངས་གཉི་གས་དོ་སྣང་མི་བྱེད་པར་རྒྱའི་གཏམ་དཔེར་ཉ་ཤ་འཚོང་སར་ཡུན་རིང་བསྡད་པས། ཉ་དྲི་ངན་པ་སྣ་བས་མི་ཚོར་(入鲍鱼之肆,久而不闻其臭。)ཞེས་པའི་དཔེ་ལྟར་ལུས།
སྲིད་གཞུང་ཞིག་གིས་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་ལག་བསྟར་བྱས་ཚེ་མི་དམངས་ལ་གནོད་འཚེ་བཟོད་གླགས་བྲལ་བ་འབྱུང་བ་ནི་ལོ་རྒྱུས་ཀྱིས་ར་སྤྲད་ཟིན་པའི་བདེན་པ་ཞིག་ཡིན་པར་གཞིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༡༩༦༦་ལོར་རྣམ་པ་མི་འདྲ་བའི་མི་རིགས་དབྱེ་འབྱེད་ཐམས་ཅད་ཚར་གཅོད་པའི་ཆིངས་ཡིག་བཟོས་ཤིང་། ཀྲུང་གོ་རྒྱལ་ཁབ་ཀྱིས་ཀྱང་ཆིངས་ཡིག་དེ་ལ་ས་ཡིག་བཀོད་དེ་མོས་མཐུན་གྱིས་གྲོས་ཆོད་བཞག་ཅིང་། དུས་སྐབས་ངེས་ཅན་ཞིག་གི་ནང་ཀྲུང་གོ་རྒྱལ་ཁབ་ཀྱི་མི་རིགས་དབྱེ་འབྱེད་ཀྱི་སྙན་ཐོ་ཡང་ཕུལ་བཞིན་ཡོད། མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཅེས་པ་ནི་གནས་ལུགས་མེད་པའི་སྒྲུབ་བྱེད་རྒྱུ་མཚན་དུ་དྲངས་དེ་རང་དང་མི་འདྲ་བའི་མི་རིགས་ལ་དབྱེ་འབྱེད་ཀྱིས་མི་དེ་དག་གི་ཐོབ་ཐང་དང་ཁེ་ཕན་བཙན་འཕྲོག་དང་ཁྱད་གསོད། གོ་སྐབས་ལ་ཚད་བཀག་བར་ཆད་ཀྱི་སྦྱོར་བ་ལ་གོ་དགོས། དཔེར་ན་སྲིད་གཞུང་གིས་རྒྱ་རིགས་ལ་ཕྱི་སྐྱོད་ལམ་ཡིག་སྤྲོད་པ་དང་། མི་རིགས་གཞན་ལ་མི་སྤྲོད་པའམ་སྤྲོད་པར་ཚད་བཀག་བྱེད་པ་དང་། མི་རིགས་གཞན་གྱིས་རྒྱའི་སྐད་ཡིག་སློབ་དགོས་པ་མ་ཟད་རང་མི་རིགས་ཀྱི་སྐད་ཡིག་སློབ་ཏུ་མི་འཇུག་པའམ་སློབ་པར་ཚད་བཀག་བྱེད་པ་ལ་སོགས་ནི་རྩ་འཛུགས་སྒྲོམ་གཞི་ལྡན་པའི་མི་རིགས་དབྱེ་འབྱེད་ཀྱི་དཔེ་མཚོན་ཡིན། རྒན་འབྲོག་ཕྲུག་གིས་ཀྱང་ཞོལ་ནས་དེ་ཡི་མཚན་ཉིད་དང་མཚོན་བྱེད་སོགས་བརྗོད་རྒྱུ་ཡིན་པས་འདིར་མང་དུ་མི་སྤྲོ།
མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱིས་རྒྱལ་ཁབ་ཅིག་གི་ནང་གི་སྤྱི་དམངས་ཀྱི་འདྲ་མཉམ་གྱི་ཐོབ་ཐང་ལ་གནོད་པ་དང་། འདྲ་མཉམ་ནི་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཟེར་བ་དེ་ཡིན་གྱི། དེ་ནི་དམངས་གཙོ་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་རྡོ་ཉག་གཅིག་ཡིན་པས། དེ་མེད་སོང་ན་དམངས་གཙོ་དང་སྤྱི་མཐུན་ཡོང་ཐབས་བྲལ་ཞིང་། རང་དབང་ཡང་དེ་བས་ཀྱང་ངོ་། དེས་ན་ཅི་ཞིག་ལ་འདྲ་མཉམ་ཐོབ་ཐང་ཟེར་ཞེ་ན། ཁྲིམས་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་གི་གཞི་འབབ་ས་སྟེ་གང་ཟག་དང་མི་རིགས་གང་རུང་ཞིག་ལ་རིགས་རྒྱུད་དང་ཕོ་མོ། གྲལ་རིམ་སོགས་ཀྱི་དབང་གིས་མཐོང་ཆུང་དང་ཁྱད་གསོད་དབྱེ་འབྱེད་བྱེད་མི་རུང་བར་ཀུན་དང་མཐུན་པར་མཉམ་པ་ཉིད་ཀྱིས་སྲུང་སྐྱོབ་བྱེད་པ་ཞིག་ལ་ཟེར། དེ་ལ་ཆ་རྐྱེན་དང་ཡན་ལག་གསུམ་ཡོད་པ་དང་། དེ་དག་ནི་ཁྲིམས་བཅའ་བའི་སྐབས་སུ་འདྲ་མཉམ་ངང་བཅའ་དགོས་ཤིང་ལག་བསྟར་ཀྱང་འདྲ་མཉམ་གྱིས་བྱེད་དགོས་སྟེ། གོ་སྐབས་འདྲ་མཉམ་དང་། ཁྲིམས་ལུགས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་པ་བཅས་ཡིན། དེ་ལ་དབྱེ་ན་ཕྱི་ཚུལ་གྱི་འདྲ་མཉམ་དང་། དོན་དངོས་ཀྱི་འདྲ་མཉམ་ཞེས་གཉིས་ཡོད། དོན་དངོས་ཀྱི་འདྲ་མཉམ་ནི་འདྲ་མཉམ་མ་ཡིན་པའི་བྱེད་ཐབས་ལ་བརྟེན་ནས་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་པ་ལ་ཟེར། དཔེར་ན་གྲངས་ཉུང་མི་རིགས་དང་དབང་པོ་སྐྱོན་ཅན་སོགས་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲད་དེ་མི་དེ་དག་གིས་སྤྱི་དམངས་གཞན་དང་འདྲ་བར་ཐོབ་ཐང་ཡོངས་སུ་ལོངས་སྤྱོད་ཐུབ་པར་བྱེད་པ་ལྟ་བུ་ཡིན། དམིགས་བསལ་གྱི་ཐོབ་ཐང་སྤྲད་དེ་འདྲ་མཉམ་གྱི་ཐོབ་ཐང་འདྲ་མཉམ་ངང་ལོངས་སུ་སྤྱོད་པ་དེ་ནི་འདྲ་མཉམ་ཐོབ་ཐང་གི་བསྟན་དོན་ཡིན།
སྒེར་ངོ་སྟེ་གང་ཟག་དང་ཚོགས་པ་ག་གེ་མོ་ཞིག་གིས་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་སོགས་ཀྱི་སྦྱོར་བ་སྤེལ་ན་ཁྲིམས་འགལ་ཡིན་པ་གོར་མ་ཆག་ཀྱང་། དེས་འགལ་ཚབས་ཆེ་བའི་གནོད་པ་ཆེན་པོ་བསྐྱེད་མི་ཐུབ་པ་མ་ཟད། སྦྱོར་བ་བོ་ལ་ཉེས་ཁྲིམས་དང་སྲིད་འཛིན་ཆད་གཅོད། ཡང་ན་དམངས་ཁྲིམས་ཀྱི་སྟེང་ནས་འགན་དེད་ན་ཆོག་པ་དང་། དེ་མིན་གཞུང་གི་ལས་བྱེད་དང་མགོ་ཁྲིད་དག་གིས་དེ་ལྟར་བྱས་ནའང་ཉེས་ཁྲིམས་ཀྱིས་འགན་དེད་ན་ཆོག ཉེས་ཁྲིམས་ཀྱི་ནང་དུ་རྒྱལ་ཁབ་གཞུང་གི་ལས་བྱེད་མི་སྣས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་ཆོས་དད་རང་དབང་བཙན་འཕྲོག་དང་། ཡང་ན་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གནོད་པ་བསྐྱེད་དེ་གནད་དོན་ཚབས་ཆེན་བྱུང་ན། དེ་ལ་ལོ་གཉིས་མན་གྱི་དུས་ཅན་བཙོན་འཇུག་དང་བཀོལ་བཙོན་གྱི་ཆད་པ་གཅོད་དགོས་ཞེས་པའི་གཏན་འཁེལ། མི་རིགས་བར་ནས་སྡང་ཟིག་སློང་བ་དང་མི་རིགས་ལ་ཁྱད་གསོད་མཐོང་ཆུང་གི་སྦྱོར་བ་སྐུལ་སློང་བྱས་ཏེ་གནས་ཚུལ་ཛ་དྲག་བྱུང་ན་སྦྱོར་བ་བོ་ལ་ལོ་གསུམ་མན་གྱི་བཙོན་འཇུག་དང་། གནས་ཚུལ་ཤིན་ཏུ་ཛ་དྲག་པ་བྱུང་ཚེ་ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་བཙོན་འཇུག་གི་ཆད་པ་གཅོད་དགོས། མི་རིགས་ལ་བརྙས་བཅོས་དང་དབྱེ་འབྱེད་ཀྱི་བརྗོད་བྱ་ཡོད་པའི་བརྩམས་ཆོས་པར་བསྐྲུན་བྱས་ཏེ་གནས་ཚུལ་ཚབས་ཆེན་བྱུང་ན་པར་བསྐྲུན་ལ་ཐད་ཀར་འགན་ཁུར་ཡོད་པའི་མི་སྣར་ལོ་གསུམ་མན་གྱི་བཙོན་འཇུག་ལ་སོགས་པའི་ཆད་པ་གཅོད་དགོས་ཞེས་གཏན་འཁེལ་བྱས་པས། གང་ཟག་དང་ཚོགས་པ། དེ་བཞིན་དུ་ལས་བྱེད་དང་མགོ་ཁྲིད་སོགས་ཀྱིས་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱི་བྱ་བ་ལས་ན་དེ་རིགས་ལ་ཁྲིམས་ཀྱིས་འགན་ཁུར་དེད་ན་ཆོག
འོན་ཀྱང་རྒྱལ་ཁབ་དང་སྲིད་གཞུང་གིས་རྩ་འཛུགས་དང་སྒྲོམ་གཞི་ལྡན་པའི་སྒོ་ནས་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱི་སྦྱོར་བ་བྱུང་ན། དོན་དམ་གྱི་ཁྲིམས་སྐྱོང་ལྡན་པའི་རྒྱལ་ཁབ་ནས་གྲོས་ཚོགས་དང་ཁྲིམས་ཁང་ལ་སོགས་པའི་ལས་ཁུངས་ཀྱིས་སྐྱོན་ཆ་དེ་དག་རིམ་གྱིས་ཡོ་བསྲང་བྱེད་པ་དང་། དཔེར་ན་ཨ་རིའི་བྲན་གཡོག་ལམ་ལུགས་དོར་བ་དང་། མི་ནག་གི་མི་སེར་ཐོབ་ཐང་ལས་འགུལ་གྱི་ཁྲོད་དུ་སྲིད་གཞུང་གིས་རིམ་གྱིས་མི་ནག་པོར་མི་སེར་གྱི་ཐོབ་ཐང་ཡོངས་སུ་སྤྲད་པ་ལ་སོགས་པ་ལྟ་བུ། དེའི་སྐོར་ལ་རྒན་འབྲོག་ཕྲུག་གིས་ཞོལ་ནས་ཞིབ་ཏུ་བརྗོད་ངེས།
འོན་ཀྱང་ཁྲིམས་སྐྱོང་མེད་པའི་རྒྱལ་ཁབ་ཀྱི་ནང་དུ་སྐྱོན་ཆ་འདི་རིགས་སེལ་བའི་གོ་སྐབས་ཤིན་ཏུ་ཉག་ཕྲ། གང་ཡིན་ཞེ་ན་སྒྲོམ་གཞི་དང་རྩ་འཛུགས་ལྡན་པའི་སྒོ་ནས་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་སྲིད་ཇུས་ལག་བསྟར་བྱས་པ་ནི་སྲིད་གཞུང་གོང་འོག་གི་མངོན་འདོད་དང་དམིགས་ཡུལ་ཡིན་པས་ཆ་ནས། སྲིད་གཞུང་གི་ལག་ཆ་ལྟར་གྱུར་བའི་ཁྲིམས་ཁང་དང་ཁྲིམས་དཔོན། ་གྲོས་ཚོགས་བཅས་ཀྱིས་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་རིགས་ལ་རྒྱབ་སྐྱོར་ལས་དོགས་སློང་དང་ངོ་རྒོལ་ཡེ་ནས་མི་བྱེད་པས་ཁྲིམས་ལ་བརྟེན་ནས་གནད་དོན་དེ་དག་ཡོ་བསྲང་གི་གོ་སྐབས་ཉིན་སྐར་ཙམ་དུ་ཟད།
དེས་ན་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱིས་གནོད་པ་ཐེབས་པའི་མི་རིགས་དེས་རང་ཉིད་ལ་གཞན་གྱིས་དབྱེ་འབྱེད་དང་ཁྱད་གསོད་གཏོང་བའི་གནས་སྟངས་ཤེས་བའི་སྒོ་ནས་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་གཏོང་མཁན་གྱི་མི་རིགས་ལ་དེ་དག་གི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་རྒྱལ་ཁབ་ཀྱི་ངོས་ནས་དབྱེ་འབྱེད་དང་ཁྱད་གསོད་གཏོང་གིན་འདུག་ཅེས་མངོན་སུམ་དུ་ར་སྤྲོད་བྱས་ཏེ་མི་རིགས་དེ་དག་གི་རྒྱབ་སྐྱོར་ཐོབ་པ་ལ་འབད་བརྩོན་བྱ་དགོས་ཤིང་། ཨ་རིའི་མི་ནག་གི་ཐོབ་ཐང་བརྩོན་ལེན་ལ་ཨ་རིའི་མི་དཀར་གྱིས་བསམ་ཤེས་ཀྱི་སྒོ་ནས་རྒྱབ་སྐྱོར་བྱས་པ་ནི་ལས་འགུལ་དེས་རྒྱལ་ཁ་བླངས་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་དུ་གྲུབ་ཡོད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱི་སྲིད་ཇུས་འདི་དག་དཔང་རྟགས་དང་སྒྲུབ་བྱེད་ཚང་བའི་སྒོ་ནས་ཐེར་འདོན་བྱེད་པ་དེ་ཡང་གལ་ཆེ།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཞེས་པའི་ཁྲིམས་ལུགས་འདི་ནི་རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་མངོན་འདོད་མི་མཚོན་པར། ཏང་ཀྲུང་དབྱང་གི་མངོན་འདོད་ཁོ་ན་མཚོན་པའི་ཁྲིམས་ལུགས་ཤིག་ཡིན་པ་ང་ཚོས་ཁྲིམས་འདི་བཅའ་དགོས་པའི་རྒྱུ་མཚན་དང་བཅས་པའི་བརྒྱུད་རིམ་ཁྲོད་དུ་ཤེས་ཐུབ།
དེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་སློབ་གསོ་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བཟོ་སྐྲུན་གྱི་ཆེད་དུ་བཀག་སྡོམ་གྱི་གཏན་འབེབས་ཁ་ཤས་ཡོད་ལ་། རྒྱའི་སྐད་ཡིག་གཙོ་བོ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཕལ་བ་ཡིན་པའི་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱི་རང་བཞིན་ལྡན་པའི་དོན་ཚན་ཡང་ཡོད་པས་། དོན་ཚན་དེ་དག་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལ་མངོན་སུམ་གྱིས་འགལ་ཡོད་ལ། ཏང་ཀྲུང་དབྱང་ནི་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་འདི་བཅའ་བར་སྐུལ་སློང་བྱེད་མཁན་ཡིན་པ་དེ་མངོན་སུམ་གྱིས་མཚོན་ཐུབ། མདོ་སྦིས་དགེ་བཤེས་ཀྱིས་ཀྲུང་དབྱང་གི་སྲིད་ཇུས་ཀྲུང་དབྱང་ནས་མར་གྲགས་དུས་ཁུ་བྱུག་གི་སྐད་ལྟར་སྙན་ཞིང་འཇེབས་ཞེས་གསུངས་བ་དེ་བདེན་པར་མ་གྲུབ་པ་ཡང་མཚོན་ཐུབ།
དེ་སྔོན་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་བཅའ་བའི་སྐབས་སུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིགས་སོ་སོའི་མི་རིགས་ཀྱི་བསམ་ཚུལ་དང་མངོན་འདོད་གང་འཚམ་གྱིས་བསྡུ་ལེན་དང་སྟབས་བསྟུན་ཁས་ལེན་བྱས་ཏེ་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་ཀྱི་ནང་དུ་མི་རིགས་གྲངས་ཉུང་གི་མངོན་འདོད་གང་འཚམ་གྱིས་མཚོན་ཡོད། དཔེར་ན་རྩ་ཁྲིམས་ནང་གི་མི་རིགས་རང་སྐྱོང་དང་སྐད་ཡིག་ཐོབ་ཐང་གི་དོན་ཚན་གཏན་འབེབས་ཀྱི་སྐབས་སུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དོན་ཚན་ཡང་དེའི་ནང་དུ་འཇོག་དགོས་མིན་ལ་རྩོད་པ་བྱུང་དུས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་ལ་སོགས་པའི་དགོངས་ཚུལ་དང་དུ་བླངས་ཏེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཚན་པ་དེ་དོན་ཚན་བཞི་བར་མ་བསྲེས་བར་ལོགས་སུ་ཕྱིས་ཀྱི་དོན་ཚན་དུ་བཞག་སྟེ་མི་རིགས་གྲངས་ཉུང་གི་སྐད་ཡིག་ཐོབ་ཐང་དེ་རྩ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་ཉ་བསྲེ་ཉོག་བསྲེ་མེད་པར་རང་རྐྱ་ཐུབ་པར་འཁོད་ཡོད་པ་ལྟ་བུས་མཚོན་ཐུབ། འོན་ཀྱང་ཐེངས་འདིའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་བཟོ་དུས། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་རྒྱུན་ལས་ཁང་གིས་དེ་ལྟ་བུའི་ཁྲིམས་ཤིག་དགོས་ཞེས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་ལ་བཀའ་བབ་ཅིང་། ལྷན་ཁང་དེ་ཡིས་ལོ་ཁ་ཤས་རིང་ལ་ཁྲིམས་འཆར་བྲིས། ཁྲིམས་འཆར་དེ་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བཏང་མཐར་སླར་ཆབ་སྲིད་ཅུའུ་རྒྱུན་ལས་ཁང་ལ་ཕུལ་ནས་ཆབ་སྲིད་རྒྱུན་ལས་ཁག་གིས་མཐའ་མའི་ཐག་བཅད་པའི་རྗེས་སུ། ཐེངས་འདིའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལ་སྤྲད་དེ་ཁྲིམས་ལུགས་དངོས་སུ་བཅས་པ་རེད་མ་གཏོགས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་མང་གི་མངོན་འདོད་དང་བསམ་ཚུལ་རྨང་གཞིར་བཟུང་ཞིང་། མི་རིགས་གྲངས་ཉུང་གི་སྐད་ཡིག་སྲུང་སྐྱོབ་དར་སྤེལ་དང་མི་རིགས་རང་སྐྱོང་གི་དངོས་ཡོད་གནས་བབ་ལེགས་བཅོས་ཀྱི་ཆེད་དུ་ཁྲིམས་འདི་བཅས་པ་མིན་པས་ན་ཁྲིམས་ལུགས་འདིའི་ནང་དུ་མི་རིགས་གྲངས་ཉུང་གི་ཐོབ་ཐང་དང་རང་དབང་ལ་དབྱེ་འབྱེད་དང་ཁྱད་གསོད། རྩ་ཁྲིམས་ལ་རྒྱལ་འགལ་དུ་སོང་བའི་རྣམ་གཞག་མི་ཉུང་བ་ཞིག་བྱུང་ཡོད་པ་དེར་ང་ཚོས་དོ་སྣང་བྱེད་དགོས།
བཀུར་འོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་དོན།