རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་ལགས།
ཀྲུང་གོ་རྒྱལ་ཁབ་ནི་མི་རིགས་སྣ་མང་འདུས་སྡོད་ཀྱི་རྒྱལ་ཁབ་ཅིག་ཡིན་པས་། མི་རིགས་ལས་དོན་འཛིན་སྐྱོང་གི་བྱ་གཞག་དེའང་ཏང་དང་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཛིན་སྐྱོང་བྱ་གཞག་ཡོངས་རྫོགས་ཀྱི་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། དེང་སྐབས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་སྲིད་ཇུས་ཕྱོགས་ཡོངས་སུ་ལག་བསྟར་ཏུ་ལེན་པའི་རྒྱབ་ལྗོངས་འོག་ཏུ། མི་རིགས་ལས་དོན་གྱི་ཁྱབ་ཁོངས་ཡོངས་་དང་མཐུད་མཚམས་རེ་རེའི་ནང་དུ་ཁྲིམས་སྐྱོང་ལག་བསྟར་མཐིལ་ཕྱིན་པ་བྱེད་དགོས་ཤིང་། ཁྲིམས་སྐྱོང་ལ་བརྟེན་ནས་མི་རིགས་མཛའ་གཅུགས་་མཐུན་སྒྲིལ་གྱི་རྣམ་པ་ཁག་ཐེག་བྱས་ཏེ་རིགས་སོ་སོའི་སྤྱི་དམངས་ཐམས་ཅད་ཁྲིམས་ཀྱི་མདུན་ཏུ་འདྲ་མཉམ་ཡིན་པ་དེ་ངེས་གཏན་བྱེད་དགོས།
རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས། ཉེས་ཁྲིམས་དང་དམངས་དོན་གཏུག་བཤེར་གྱི་ཁྲིམས་སོགས་འདུས་པའི་རྒྱལ་ཁབ་་ཀྱི་ཁྲིམས་ལུགས་ཡོད་དོ་ཅོག་དང་། རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་ལ་སོགས་པའི་ས་གནས་ཁྲིམས་སྲོལ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་བཀྲམས་པའི་ཁྲིམས་འཛིན་གསལ་བཤད་ཐམས་ཅད་ཁུངས་བཙན་པའི་དབང་འཛིན་ལས་ཁུངས་ཀྱིས་ཚད་ལྡན་དང་གཅིག་གྱུར་གྱིས་བོད་ཡིག་ལ་བསྒྱུར་མེད་པའི་རྐྱེན་གྱིས། དེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཏང་སྲིད་ལས་ཁུངས་དང་། ཁྲིམས་བཟོ་ཁྲིམས་འཛིན་ལས་ཁུངས། རྒྱ་ཆེ་བའི་བོད་རིགས་མང་ཚོགས་རྣམས་ཀྱིས་རྒྱལ་ཁབ་ཁྲིམས་སྐྱོང་གི་སྲིད་ཇུས་ལ་གོ་བ་ཡང་དག་པ་བླངས་ཏེ་ལག་བསྟར་མཐིལ་ཕྱིན་བྱེད་པ་ལ་བར་ཆད་དང་དཀའ་ཁག་ཆེན་པོ་བཟོས་པ་མ་ཟད། བོད་རིགས་མི་ཉུང་བ་ཞིག་གི་བློ་ངོར་རྒྱལ་ཁབ་ཀྱིས་བོད་སྐད་ཡིག་གི་ལས་དོན་ལ་སྔར་བཞིན་གཙིགས་སུ་མི་འཛིན་པའི་དོགས་པ་་ཟ་ཞིང་བློ་འཚབ་བྱུང་། ལྷག་པར་ཏུ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་བཟོ་ལས་ཁུངས་ཀྱིས་བཅས་པའི་ཁྲིམས་དང་ལག་ལེན་རྒྱབ་འགལ་དུ་སོང་བའི་སྣང་ཚུལ་དེ་ཡིས་བོད་རིགས་མང་ཚོགས་ཀྱི་བློ་མི་བདེ་བར་གྱུར། དཔེར་ན་ད་ལོའི་སྤྱི་ཟླ་༨་པ་ནས་བཟུང་ལག་བསྟར་བྱས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་སྲོལ་ཡིག་གི་དོན་ཚན་༨་པའི་ནང་དུ་མཚོ་ལྷོ་ཁུལ་རང་སྐྱོང་དབང་འཛིན་ལས་ཁུངས་ཀྱིས་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་ལ་སོགས་པའི་ཁྲིམས་སྲོལ་རང་བཞིན་གྱི་ཡིག་ཆ་སྒྲོག་སྐབས་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་གཉིས་བཀོལ་ནས་དུས་མཉམ་དུ་སྒྲོག་དགོས་ཞེས་གཏན་འཁེལ་གསལ་པོ་བྱས་ནའང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ད་ལྟའི་བར་དུ་རྒྱ་ཡིག་མ་གཏོགས་བོད་ཡིག་གི་ཁྲིམས་ཡིག་དེ་བསྒྲགས་མེད་པ་ལྟ་བུའོ། གནད་དོན་འདི་དག་བོད་རིགས་མང་ཚོགས་ཀྱིས་ཁྲིམས་ལུགས་ལ་དད་པ་བྱེད་པའི་གེགས་སུ་གྱུར་ཞིང་། བོད་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་གི་འགལ་རྐྱེན་ཞིག་ཏུའང་གྱུར། གཙོ་འཛིན་ཞི་ཅིན་ཕུན་གྱིས་ཁྲིམས་ལུགས་ལ་དད་པ་བྱེད་པའི་གོམས་སྲོལ་བཙུགས་ཏེ་རིགས་སོ་སོའི་མང་ཚོགས་ཀྱིས་ཁྲིམས་ལུགས་ལྟར་ལས་དོན་མོས་གུས་ཀྱིས་བསྒྲུབ་ན་ད་གཟོད་མི་རིགས་མཐུན་སྒྲིལ་ལ་ཁག་ཐེག་ཡོད་ཅིང་མི་རིགས་འབྲེལ་ལམ་ཇེ་བརྟན་དུ་འགྲོ་ཐུབ་ཅེས་ལམ་སྟོན་གསལ་པོ་དང་ཡང་དག་པ་བསྟན་པ་བཞིན། བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྲ་བརྟན་ཡོང་ཆེད་དང་། རྒྱལ་ཡོངས་ཀྱི་བོད་རིགས་མི་དམངས་རྣམས་ཀྱིས་ཁྲིམས་ལུགས་ལ་དད་མོས་གཟུག་ཆེད། དེ་བཞིན་ཏུ་བོད་མི་དམངས་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་མཆིས་སོ་ཅོག་ལ་ངེས་ཟིན་མ་ནོར་བ་འདྲོང་བའི་ཆེད་དུ། རྒྱལ་ཁབ་ཀྱིས་འགན་འཁུར་ཏེ་གཅིག་གྱུར་གྱིས་ཁྲིམས་ལུགས་ཐམས་ཅད་བོད་ཡིག་ལ་ཚད་ལྡན་ངང་བསྒྱུར་བའི་ལས་གཞི་ཡི་འགོ་རྩོམ་པའི་དུས་ལ་བབས། དེའི་སྟབས་ཀྱིས་ང་ཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་ལ་གཤམ་གསལ་གྱི་བསམ་འཆར་ཁག་ཕུལ་བ་ཡིན།
དང་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ཏེ་རྩ་ཁྲིམས་དང་ཁྲིམས་ལུགས་ཐམས་ཅད་བོད་ཡིག་ལ་བསྒྱུར་བའི་ལས་དོན་བསྒྲུབ་པ།
གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་སྲིད་འཛིན་ཁྲིམས་སྲོལ་དང་དེའི་ལྷན་ཁང་གི་སྒྲིལ་སྲོལ་སོགས་བོད་ཡིག་ལ་བསྒྱུར་བར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་ལས་དོན་ལྷན་ཁང་ལ་བཀའ་བསྒོ་གཏོང་བ།
གསུམ་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སྤེལ་བའི་རང་སྐྱོང་ཅན་གྱི་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་དག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བོད་ཡིག་ཏུ་བསྒྱུར་དགོས་པ་དེར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་བཀའ་བསྒོ་བ།
བཞི་བ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་ལ་བཀའ་བསྒོས་ཏེ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་སྤེལ་བའི་ཁྲིམས་འཛིན་འགྲེལ་བཤད་དང་ཐག་བཅད།བཀའ་རྒྱ་བཅས་བོད་ཡིག་ལ་བསྒྱུར་ཏུ་འཇུག་པ།
ལྔ་བ། མགོ་ལོག་ཁུལ་ལ་སོགས་པའི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུ་པོའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཅས་པའི་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་སོགས་བོད་ཡིག་ཏུ་བསྒྱུར་བར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་བཀའ་བསྒོ་བ།
མདོར་ན། རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་བསྟན་དོན་ནང་དུ་བོད་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་སྐོར་གྱི་་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་པ་འདུས་པས། བོད་རིགས་སྤྱི་དམངས་ཀྱིས་ཁྲིམས་ལུགས་སྒྲོམ་གཞིའི་ནང་ནས་རང་སྐྱོང་ཐོབ་ཐང་ལྷག་མེད་དུ་ལོངས་སྤྱོད་པར་རྒྱལ་ཁབ་ཀྱིས་འགན་སྲུང་བྱེད་དགོས། རྒྱལ་ཁབ་ཁྲིམས་སྐྱོང་ལ་བརྟེན་ནས་ད་གཟོད་བོད་ཁུལ་གྱི་དཀའ་ངལ་སེལ་ཐུབ་པ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཡར་རྒྱས་སུ་གཏོང་ཐུབ་པས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་གོང་གི་བསམ་འཆར་དེ་དག་ལག་ལེན་དུ་གདབ་པར་ང་ཚོས་ལྷག་བསམ་འཁོལ་བའི་ངང་ནས་རེ་བ་འཆིང་ཞེས་བསམ་འཆར་འདོན་མཁན་སྒྲོལ་མ་སྐྱབས་ལ་སོགས་པས་སྤྱི་ཟླ་༨་པའི་ཚེས་༡༨་ལ་ཕུལ།